[001A]༄༅། །གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་བསྐུར་བཞུགས་སོ། ། [001A] །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། སྐུ་བཞིའི་དབང་ཕྱུག་བླ་མ་མཆོག་རྣམས་དང། །དབྱེར་མེད་ཚེ་སྤྱིན་མགོན་ལ་གུས་བཏུད་ནས། །རང་གཞན་བླ་མེད་རྫོགས་བྱང་སྒྲུབ་པའི་ རྟེན༑ ༑ཡུན་དུ་འཚོ་བའི་ཐབས་མཆོག་བཤད་པར་བྱ། །དེ་ལ་འདིར་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་ལྷ་གཅིག་བུམ་གཅིག་ཏུ་གྲགས་པ་ཇི་ལྟར་བསྐུར་བའི་ཚུལ་ལ་གསུམ་ ཐོག་མར་བཅའ་གཞི་བཤམ་ཚུལ། དབང་བསྐུར་གྱི་ཆོ་ག་དངོས། མཐར་བསྡུ་ཆོག་བཤད་པའོ། །དང་པོ་ནི། དུས་ཚེས་བཟང་པོ་ལ་མཚན་ཉིད་དང་ལྡན་པའི་གནས་ཁང་བྱི་དོར་བྱས་ལ་ཚེ་དཔག་མེད་ ཀྱི་སྐུ་རྟེན་བཀྲམ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་མཐོ་གཙང་གི་ཁར་མཎྜལ་པདྨ་འདབ་བཞི་ལྟེ་བ་དམར་ཞིང་འདབ་མ་མཛེས་ཚོན་དུ་བྱས་པའི་སྟེང་དུ་ཕྱེ་མར་ལ་མངར་གསུམ་དད་བདུད་ [002A]༄༅། །རྩིའི་ཕྱེ་མ་བཏབ་པའི་ཚེའི་འབྲང་རྒྱས་བུམ་གཟུགས་རྒྱན་ལྡན། དེའི་གཡས་སུ་ཚོམ་བུའི་སྟེང་དུ་ཐོང་པའམ་རིན་པོ་ཆེའི་སྣོད་ལ་ཚེ་ཆད་མངར་གསུམ་དང་བདུད་རྩིའི་ཕྱེ་མ་བཏབ་ པ༑ གཡོན་དུ་ཚོམ་བུའི་སྟེད་དུ་རིན་པོ་ཆེའི་སྣོད་ལ་མངར་གསུམ་སྤོད་དང་སྦྱར་བའི་ཚེ་རིལ། དེ་རྣམས་ཀྱི་མདུན་དུ་དབུས་སུ་འབུལ་གཏོར། གཡས་སུ་ཆོས་སྐྱོང་གི་གཏོར་མ། གཡོན་དུ་གཞི་བདག་གཏོར་མ་ དེའི་མདུན་དུ་བདག་མདུན་གྱི་མཆོད་པ་རྣམས་དང། རང་གི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། འཐོར་ནས། ལས་བུམ་ནང་རྫས་རྡོར་གཟུངས་ཁ་རྒྱན་དང་བཅས་པ། བགེགས་གཏོར། མེ་ཕོར། ལྕེ་ལྡེ། གུར་ ཡུངས་རྣམས་ཕྱག་ལེན་བཞིན་བཤམ་མོ། །གཉིས་པ་ལ་གསུམ། བསྟེན་པའི་ཆོ་ག་བདག་བསྐྱེད་བཤད་པ། སྒྲུབ་པའི་ཆོ་ག་མདུན་བསྐྱེད་བཤད་པ། ལས་སྦྱོར་གྱི་ཆོ་ག་བློབ་མ་རྗེས་བཟུང་བཤད་པའོ། །དང་པོ་ནི་ སྟེན་བདེ་བ་ལ་འཁོད་ནས་ཀུན་སློང་བཅོས་ལ་སྐྱབས་ཡུལ་དང། སྐྱབས་འགྲོའི་རྒྱུ་གསལ་བཏབ་སྟེ། བླ་མ་སངས་རྒྱས། ཞེས་སོགས་ཚིག་རྐང་གཉིས་ཀྱིས་སྐྱབས་འགྲོ་བདུད་རྩི་འབེབས་སྦྱངས་དང་བཅས་པ་དང་ [002B] ཞེས་སོགས་ཚིག་རྐང་གཉིས་ཀྱིས་སེམས་བསྐྱེད་དང། སེམས་ཅན་ཐམས་ཅད་བདེ་བ་དང། ཞེས་སོགས་ཀྱིས་ཚད་མེད་བཞི་དང། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་་ཕྱིར་དུ་འཆི་མེད་ཚེའི་ རིག་འཛིན་བསྒྲུབ་པར་བྱའོ། །ཞེས་པ་གསུམ་གྱིས་ཁྱད་པར་གྱི་སེམས་བསྐྱེད་བྱས་ལ། སྐྱབས་ཡུལ་རྣམས་འོང་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཚེ་དཔག་མེད་དུ་གསལ་ བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱི་དམར་པོའི་འོད་ཟེར་གྱིས་བདེ་བ་ཅན་ནས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཚེ་དཔག་མེད་ཚེ་ཁྲིད་བརྒྱུད་པའི་བླ་མ་དང་བཅས་པ་ལ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ། གང་གི་དྲིན་གྱིས་་འཇིག་རྟེན་འདྲེན་པའི་་གྲུབ་པའི་རྒྱལ་མོ་་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨ་ ཡུརྫྙ་ནས་པ་རི་ཝཱ་ར་ཨ་རྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་ཡེ་སཱ་ཧཱ་འི་བར་གྱིས་མཆོད། ཡིད་འོང་དངོས་འབྱོར་་ས་ཟླའི་ནོར་འཛིན་་ཞེས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ། སྣར་བ་མཐའ་ཡས་བདེ་ གཤིགས་ཀུན་གྱི་གཙོ། །གྲུབ་པའི་རྒྱལ་མོ་འཆི་མེད་རིག་འཛིན་བརྙེས། །གསང་སྔགས་སྔོང་པོ་མཆོག་གི་འབྲས་བུས་མཛེས། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཕོ་ཉའི་ལམ་གྱིས་མཆོག་བརྙེས་རྡོ་ [003A]༄༅། །རྗེ་གྲགས། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་མི་ལ་རྗེ། །ཟླ་འོད་གཞོན་ནུར་གྲགས་པའི་སྒམ་ཕོ་པ་གསོལ་བ་་ཕག་མོ་གྲུ་པ་བདེ་གཤེགས་འདུས་པའི་སྐུ། །དེ་སྲས་འཇིག་རྟེན་མགོན་པོ་འབྲི་གུང་པ།། རྒྱལ་བའི་སྲས་པོ་སྤྱན་སྔ་རིན་པོ་ཆེ། །གསོལ་བ་་རྒྱལ་བའི་དབང་པོ་ཡང་དགོན་ཆོས་ཀྱི་རྗེ། །ཐུགས་སྲས་དམ་པ་སྤྱན་སྔ་རིན་ཆེན་ལྡན། །ཀུན་མཁྱེན་གཉིས་པར་གྲགས་པའི་ཟུར་ཕུག་པ། །གསོལ་བ་་བྱམས་དང་སྙིང་རྗེ་འབྱོངས་ བའི་འབའ་ར་བ། །སྡེ་སྣོད་གསུམ་གྱི་མངའ་བདག་ཤེས་རབ་དཔལ། །སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ཞབས། །གསོལ་བ་་གནས་ལུགས་དོན་རྟོགས་རིན་ཆེན་བཤེས་གཉེན་དང། །བསླབ་གསུམ་རྣམ་དག་སངས་ རྒྱས་རྒྱ་མཚོའི་ཞབས། །རྒྱལ་བ་ཀུན་དངོས་རྗེ་བཙུན་སྐྱབས་མཆོག་དཔལ། །གསོལ་བོ་་སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་པ། །ཚེ་དཔག་མེད་དངོས་སངས་རྒྱས་ཡེ་ཤེས་ཞབས། །སླུ་མེད་ལམ་སྟོན་ཆོས་ཀྱི་རྒྱལ་མཚན་ ལ༑ ༑གསོལ་བ་་སྡོམ་བརྩོན་རྒྱལ་པོའི་ཚུལ་འཛིན་པད་དཀར་ཅན། །སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་ཞབས། །ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་སྡེ། །གསོལ་བ་་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དང་ བཀའ་དྲིན་མཉམ་མེད་བསྐལ་བཟང་ཆོས་རྒྱལ་སོགས། །དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ་ལ། །གསོལ་བ་་དྲན་པས་ཚེ་ཡི་བར་གཅོད་ཀུན་སེལ་ཞིང། །མཆོག་དང་མཐུན་མོད་དངོས་གྲུབ་ཀུན་སྩོལ་པའི། །ལྷ་མིའི་ [003B] །གསོལ་བ་་བདག་དང་མཐའ་ཡས་སེམས་ཅན་མ་ལུས་པའི། །དུས་དང་དུས་མིན་འཆི་བའི་འཇིགས་པ་ཀུན། །ཁྱོད་ཞབས་དྲན་པ་ཙམ་གྱིས་བསལ་མཛད་ནས། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་བྱིས་ རློབས། །ཞེས་གསོལ་བ་བཏབ་ནས་ཚོགས་ཞིང་བསྡུ། དེ་ནས་ཨོཾ་སྭ་བྷ་ཝས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོངས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱི་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། རེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཚེ་དང་ ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་གསེར་གྱི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ རིན་པོ་ཆེའི་རྒྱན་བརྒྱད་དང་དར་གྱིན་བཟས་ཀླུབས་པ། དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ ཧཱུཾ་སྔོན་པོ། ལྟེ་བར་སཱ་སེར་པོ། གསང་བར་ཧཱ་ལྗར་ཁུ་འོད་ཟེར་ལྔ་འཕྲོ་བ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡི་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ [004A]༄༅། །ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩེས་གང་བའི་བུམ་པ་ཐོགས་ ནས༑ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། ལུས་གང། དྲི་མ་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ཡས། བླ་མ་དང་དབྱེར་མེད་པའི་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་ དེ་ནས་མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སབྷཱ་ཝས་སྤྱངས། སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨྲྒྷཾ་ནས་ ཤཔྟ་ཨཱ་ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས་ལ། ཨོཾ་ཨ་པ་རི་མ་ཏི་ཨ་ཡུ་རྫྙ་ནས་པ་རི་ཝཱར་ཨྲྒྷཾ་ནས་ཤཏྤ་པྲ་ཙྪི་ཡེ་སཱཧཱ་འི་བར་གྱིས་ཕྱི་མཆོད་དང། ནང་མཆོད་ཚེ་ཆད་ལྟར་བྱིན་གྱིས་བརླབས་ལ། གོང་སྔགས་ལ་ཨོཾ་ཨཱ་ཧཱུཾ་བཏགས་པས་ཕུལ། བཅོམ་ ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས། རང་གི་སྙིད་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱི་ཡིག་གི་མཐར་སྙིང་པོ་དང་ གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་དང་བསྒྲུབ་བྱའི་ཚེ་འབྱུང་པོ་མ་མི་ཡིན་གྱིས་ཕྲོགས་པ་དང། བརྐུས་པ་དང་ཡར་བ་ཐམས་ཅད་དང། འབྱུང་བ་ལྔའི་བཅུད་དང། སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དབང་ཐང་དང། རྒྱལ་བ་སྲས་ [004B] རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ཚེ་ཐུང་འགྱུར་གྱི་སྡིག་སྒྲིབ་ནད་ གདོན་ཐམས་ཅད་སྤྱངས་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར། ཅེས་བརྗོད་ལ་གཟུངས་རིང་ཐུང་ཅི་འགྲུབ་བཟླ་ཞིང། བསྙེན་ཚད་ནི་རབ་གཟུངས་རིང་འབུམ་ཕྲག་གཅིག་གམ། སྙིང་པོ་འབྲུ་འབུམ། འབྲིང་སྙིང་པོ་བཞི་འབུམ། ཐ་མ་སྙིང་པོ་ཚིག་ འབུམ་མོ། །དེ་ནས་ཡིག་བརྒྱ་བཟླས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག་ཅེས་སོགས་ཀྱིས་དགེ་བ་བསྔོའོ། །བསྙེན་པའི་ཚེ་ཐུན་བཞི་གའམ་ཐ་མའི་མཐར་གཏོར་མ་འབུལ་ལོ། །གཉིས་པ་ནི། དང་པོར་ལས་བུམ་བསངས་སྤྱངས། སྟོང་པའི་ངང་ལས་ བཾ་ལས་བྱུང་བའི་་དབྱེར་མི་ཕྱེད་པར་གྱུར། བུམ་ཆུའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་ལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ ཏེ་སྔགས་འཕྲེང་ལ་ཐིམས་པས་ནུས་ལྡན་དུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨྭ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་བརྒྱ་རྩ་ཙམ་བཟླས་ལ་ཉི་དཀྱིལ་སྔགས་འཕྲེང་ས་བོན་དང་བཅས་པ་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པར་གྱུར་ཅེས་བསང་ཆུ་བསྒྲུབ་ ཚེ་བུམ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དམར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ཅིང། ལྷ་རྫས་ [005A]༄༅། །ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། ཕྱི་བུམ་པའི་རྣམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། དེའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། ཞེས་པ་ནས། བསྟོད་ པའི་བར་རང་ཉིད་ཅེས་པ་དོར་ནས་བདག་བསྐྱེད་ལྟར་བྱས་ལ། བུམ་ནང་གི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཞེས་པ་ནས། ཚེའི་རིག་འཛིན་ཐོབ་པར་གྱུར། ཅེས་བརྗོད་ལ་གཟུངས་རིང་ཐུང་བཟླ། དེ་ ནས་ཚེ་ཆང་བསངས་སྤྱངས་སྟོང་པའི་ངང་ལས། ཡཾ་ལས་རླུང། རཾ་ལས་མེ། ཨཱ་ལས་མི་མགོའི་སྒྱིད་བུ་གསུམ་གྱི་སྟེང་དུ། ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་ཕྱོགས་མཚམས་དང་དབུས་སུ། བྷཱུཾ་ཨཾ་ཛྲིཾ་ཁཾ་ཧཱཾ། ལཾ་མཾ་པཾ་ཏཾ་ བཾ་ལས་ཤ་ལྔ་དང་བདུད་རྩི་ལྔའི་སྟེང་དུ། ཨོཾ་ཨཾ་ཧཱུཾ་གིས་མཚན་པ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རླུང་གཡོས། མེ་སྤར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ། ཡི་གེ་གསུམ་ལས་འོད་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ ཅད་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ་པ་ཐོད་པར་ལྷུངས་ནས་ཞུ་བས་སྦྱངས་རྟོགས་སྦར་གསུམ་གྱིས་འཆི་མེད་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱ་ཧཱུཾ་ལན་གསུམ་བརྗོད། ཡང་ཚེ་རིལ་བསངས་སྤྱངས། སྟོང་པའི་ངང་ལས་བྷྲཱཾ་ལས་རིན་པོ་ཆེའི་སྣོད་ཡངས་ ཤིང་རྒྱ་ཆེ་བའི་ནང་དུ་ཧྲཱི་ལས་ཚེ་རིལ་རྣམས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་སྨན་སྣ་བཞི་བརྒྱ་རྩ་བཞི་འདུས་པའི་བཅུད་ལེན་གྱི་རིལ་བུར་གྱུར། ཅེས་བརྗོད། དེ་ནས། ཚེ་ཅང་དང་ཚེ་རིལ་གྱི་སྟེང་གི་བཟླས་པའི་སྔགས་ [005B] རང་དང་བསྒྲུབ་བྱའི་ཚེ། ཞེས་པ་ནས། རྣམ་པར་བཀུག་ནས་ཚེ་ཆང་དང་ཚེ་རིལ་ལ་ཐིམ་པར་གྱུར། ཅེས་བརྗོད་ལ་གཟུངས་རིང་ཐུང་བཟླ་ཞིང་ཡིག་བརྒྱས་ལྷག་ཆད་བསྐངས། དེ་ནས་གཏོར་མ་གསུམ་ག་ཚེ་ཆང་ལྟར་བྱིན་ རླབས་མཐུན་མོང་དུ་བྱས་ལ། བུམ་ནང་གི་ལྷའི་ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨ་པ་རི་མ་ཏེ་ཨཱ་ཡུརྫྙ་ནས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། གོང་ལྟར་ཕྱི་ནང་གིས་མཆོད། འདོད་ ཡོན་་བདུད་རྩི་་རྒྱལ་བ་་ཁྱད་པར་་ལྷ་ཚོགས་་བཞེས་ནས་་འཆི་མེད་་ཞེས་འདོད་དོན་ལ་གསོལ་བ་བཏབ་ལ། རྡོར་དྲིལ་དང་བཅས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱིས་བདག་ཉིད་ལ་ཚེ་དབང་བསྐུར་བའི་གནང་བ་སྩལ་ ཏེ༑ སློབ་མ་རྣམས་ཀྱིས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གནང་བ་ཞུ། གཏོར་མ་གཉིས་པ་མཁའ་འགྲོ་ཆོས་སྐྱོང་རྣམས་གྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོང་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ ཌཱ་ཀིནཱི་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། གོང་སྔགས་ལ་མཆོད་སྔགས་དང་འབྲུ་གསུམ་བཏགས་ནས་མཆོད། འདོད་ཡོན་་བདུད་རྩི་་མཁའ་འགྲོ་་ཁྱད་པར་་བཀའ་སྡོད་་བཞེས་ནས་་ འཕྲིན་ལས་་ཞེས་འདོད་དོན་ལ་གསོལ་བ་བཏབ། གཏོར་མ་གསུམ་པ་གནས་བདག་གཞི་བདག་རྣམས་ཀྱིས་འདོད་ཡོན་ལ་ལོངས་སྤྱད་པས་ཚིམ་བར་གྱུར། ཨོཾ་བཧུ་མི་པ་ཏི་ས་པ་རི་ཝཱར་ཨི་ ལན་གསུམ་གྱིས་བསྔོ། གོང་ [006A]༄༅། །སྔགས་ལ་མཆོད་སྔགས་དང། འབྲུ་གསུམ་བཏགས་ནས་མཆོད། འདོད་ཡོན་་བདུད་རྩི་་སྟོང་གསུམ་་ཁྱད་པར་་གནས་བདག་་བཞེས་ནས་་སྟོངས་གྲོགས་་ཅེས་འདོད་དོན་བརྗོད་དོ། །གསུམ་པ་ལ་ གསུམ། སྔོན་འགྲོ། དངོས་གཞི། མཇུག་གོ་དང་པོ་ནི། སློབ་མ་རྣམས་ཕྱག་ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱས་ཏེ་གྲལ་དུ་འཁོད་པ་ལ། བདུད་བཟློག་དང་སློབ་མ་རྣམས་ཀྱི་ཚེ་བསྲིང་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་སྦྱང་གསུམ་ གྱིས་བསལ་ལ་བསྲུང་འཁོར་བསྒོམ། དེ་ནས་ཇོ་བོ་ཆེན་པོས། གཞན་ལ་གདམ་ངག་བྱེད་པ་ན། །སྙིང་རྗེ་ཕན་སེམས་ལྡན་པར་མཛོད། །ཅེས་གསུངས་པ་ལྟར། རང་ལ་རྙེད་བཀུར་སྙན་གྲགས་སོགས་ཟང་ཟིང་འདོད་པའི་བློ་སྤངས་ནས་གཞན་ ལ་ཕན་འདོད་ཀྱི་བསམ་པ་བཟང་པོས། འོ་ལགས། གསེར་འདུས་རྩ་རྒྱུད་ལེའུ་བརྒྱད་པ་ལས། ཞིང་འདི་་ཅན་གྱིས་དབུལ། ཞེས་གསུངས་པ་ལྟར། བླ་མ་དང་བཅོམ་ལྡན་འདས་ཚེ་དཔག་མེད་དབྱེར་མ་མཆིས་པའི་དྲུང་དུ་མ་གཅིག་གྲུབ་པའི་ རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་དབང་ཟབ་མོ་ཞུ་བའི་ཡན་དུ་མཎྜལ་ཞིག་འབུལ་པར་མཛོད། ཅེས་བསྐུལ་བ་ནས། འོད་སྐད་དུ་རྗེ་བདག་ཉིད་ཆེན་པོས། འདིར་འཇུག་པ་ན་སྐལ་བ་བཟང་ངོ་ཞེས། །ལེགས་པར་སོམས་ ལ་དགའ་བའི་བཞིན་གྱི་མ་དངས། །རབ་གསལ་འཛུམ་པའི་ཉམས་དང་ལྡན་པ་ལས། །རྣམ་གཡེང་སྣོད་ཀྱི་སྐྱོན་གསུམ་སྤོངས་ལ་ཉོན། །ཞེས་གསུངས་ལྟར། སེམས་གཞན་དུ་གཡེངས་བ་སྣོད་ཁ་སྦུབ་པ་ལྟ་བུ་དང། ཀུན་སློང་ངན་པས་ཉན་པ་ [006B] བརྗོད་དུ་འཇུག་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་གསུམ་སྤངས་ནས། གནས་སྐབས་སུ་སྐུ་ཚེའི་འགལ་རྐྱེན་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དང། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་ཚེ་ དཔག་མེད་ཀྱི་གོ་འཕང་མངོན་དུ་བྱས་ནས་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་བསྒྲུབ་པར་བྱ། དེའི་ཕྱིར་དུ་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་དབང་ཟབ་མོ་ཞུ་སྙམ་པའི་སྒོ་ནས་རྩེ་གཅིག་ཏུ་བསྒྲིམས་ཏེ་ལེགས་པར་གསན་འཚལ། གསན་བྱ་དམ་ པའི་ཆོས་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ལུས་ཅན་རྣམས་ལ་རང་སྲོག་ལས། །གཅེས་པའི་དངོས་པོ་གཞན་ཡོད་མིན། །དེ་ཕྱིར་དེ་ཉིད་དཀར་ཕྱོགས་ཀྱི། །ཟླ་ལྟར་སྒྲུབ་པ་འདི་ན་ཀོ། །ཞེས་གསུངས་པ་ལྟར། རང་ཅག་སོ་སྐྱེ་རྣམས་ལ་ ཕྱི་ནང་གི་དངོས་པོའི་ཁྲོད་ན་རང་གི་སྲོག་ལས་གཅེས་པ་མེད་པ་བཞིན་དུ་ཚེ་སྲོག་གོང་དུ་སྤེལ་བའི་གདམས་པ་ཡང་གདམས་པ་ཐམས་ཅད་ཀྱི་ཡང་རྩེ་ཁོ་ན་ཡིན་ལ། དེ་ལ་ཡང་ལྷའི་རྣམ་པ་དང་རྒྱུད་སྡེའི་རིམ་པ་དང། བཞེང་སྲོལ་གྱི་ཁྱད་པར་ཇི་སྙེད་ཅིག་ཡོད་པ་ལས་མཆོག་ཏུ་གྱུར་པ་ནི་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཏུ་གྲགས་པ་ཚེ་དཔག་མེད་རྣལ་འབྱོར་བླ་མེད་དུ་སྒྲུབ་པ་འདི་ཡིན་ཏེ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས། འཆི་མེད་ཚེར་དབང་ གྲུབ་པའི་རྒྱལ་མོ་ལས། །ཉེར་འོངས་འོད་མཚན་སྟོང་དུ་འབར་བའི་གཟིས། །ཉེས་བརྒྱའི་སྨག་རུམ་སེལ་བའི་སྟ་གོན་དུ། །ཆོག་བསྒྲིགས་སྐྱ་རེངས་གཞོན་ནུ་འདི་ན་བྲལ། །ཞེས་གསུངས་པའི་ཕྱིར། དེ་ཡང་སྔོན་བསྐལ་པ་ཆེན་པོ་འཛིན་པར་འཁོར་ལོས་ [007A]༄༅། །བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བས་བདེ་གཤེགས་རིན་ཆེན་སྙིང་པོའི་དྲུང་དུ་ཐུགས་བསྐྱེད་ནས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཏེ། བདེ་བ་ཅན་གྱི་ཞིང་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་ངོ་བོར་སངས་རྒྱས་ཤིང་ རྒྱལ་བ་དེའི་སྐུ་ཚེ་བསྐལ་པ་འདི་ཉིད་ཀྱི་བར་ཐུབ་པོ་ཞེས་ཚད་བཟུང་དུ་མེད་པས་ན་མཚན་ཡང་ཚེ་དཔག་མེད་ཏུ་གྲགས་སོ། །དེས་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་འཆི་མེད་རིག་འཛིན་གྱི་སྐུ་བརྙེས་པ་དེ་ལ་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་གནད་ དེས་ཏི་ཕུ་གསང་སྔགས་སྡོང་པོ་ལ་གནད། མ་གཅིག་དང་ཏི་ཕུ་གཉིས་ཀས་རྗེ་རས་ཆུང་རྡོ་རྗེ་གྲགས་པ་ལ་གནང་ངོ། །དེ་ཡང་རྗེ་རས་ཆུང་པ་ཉིད་ཀྱིས། རྗེ་བླ་མའི་བཀའ་ལུང་རྡོ་རྗེའི་གསུང། །བསྒྲུབ་ཕྱིར་རྒྱ་གར་ཡུལ་དུ་ཕྱིན། །ལམ་འཕྲད་འཇིགས་པ་ ཆེ་བས་ན། །དཀའ་སྤྱད་སྡུག་བསྔལ་མང་པོ་མྱོང། །འོན་ཀྱང་དཀའ་བ་སྤྱད་རིན་ཆོག་ཏི་ཕུ་གསང་སྔགས་སྡོང་པོ་དང། །མ་གཅིག་གྲུབ་པའི་རྒྱལ་མོ་མཇལ། །ངོ་མཚར་ཆེ་བའི་གདམས་ངག་མཐོང། །མཁའ་འགྲོའི་ལུང་བསྟན་རྟགས་དང་མཇལ། །རང་ རེ་འདོད་པའི་མན་ངག་ནི། །རིག་པ་ཡེ་ཤེས་སྒྲོན་མེ་དང། །རྩ་རླུང་དྲ་མིག་འཁོར་ལོ་དང། །རོ་སྙོམས་ཕྱི་ཡི་མེ་ལོང་དང། །བདེ་ཆེན་གསུང་གི་རིན་ཆེན་དང། །དམ་ཚིག་རང་སེམས་མེ་ལོང་དང། །དམ་རྫས་རྟོགས་པའི་ཉི་མ་དང། །སྤྱོད་པ་ཆུ་ཡི་རལ་གྲི་དང་ རང་གྲོལ་ཕྱག་རྒྱ་ཆེན་པོ་དང། །འཆི་མེད་འདུད་རྩིའི་བཅུད་ལེན་ཐོབ། །ཅེས་གསུངས་པ་ལྟར། སྟོན་པ་དར་བློའི་རྩོད་པ་བཟློག་པ་དང། ལུས་མེད་མཁའ་འགྲོའི་ཆོས་སྐོར་བཞེས་པའི་ཕྱིར་རྗེ་རས་ཆུང་པ་རྒྱ་གར་ལ་ཕྱི་མ་ཕེབས་པའི་ཚེ། བླ་མ་ཏི་ཕུ་གསང་ [007B] བླ་མའི་ཞལ་ནས། དེ་རིང་གྲོང་ཁྱེར་གྱི་ཚོང་དུས་སུ་ལྟར་སོང་གསུངས་ནས་བྱོན་པས། རྣལ་འབྱོར་པ་སྔོ་བསང་ངེ་བ། ཁྲི་སྙན་ས་ལེའི་ཕགས་པ་ཕྲག་པ་གཡས་ལ་ བཀལ་བ། རྭ་དུང་འབུད་པ་ཞིག་འདུག་པ་དེ་གྲུབ་ཆེན་ཨ་མོ་གྷ་བཛྲ་ཆུང་བ་ཡིན་པས་དེས་སྤྱན་ཅེར་གཟིགས་ནས། ཁྱོད་ལ་ཞག་གམ་ཟླ་བ་བདུན་གྱི་ཚེ་ལས་མི་འདུག་གསུངས་པས། ཤིན་ཏུ་བྲེད་དེ། ཏི་ཕུའི་དྲུང་དུ་བྱོན་ནས་ལོ་རྒྱུས་ཞུས་པས། ཁྱོད་ལ་ཚེ་དེ་ ལས་མེད་པ་ངས་ཀྱང་ཤེས་ཏེ་མ་སྨྲས་པ་ཡིན། ང་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་ཚེ་དཔག་མེད་དངོས་སུ་གྲུབ་པ་ཞིག་ལྷོ་ཕྱོགས་ནགས་ཚལ་དྲ་བ་ཅན་ན་ཡོང་པས་དེར་སོང་ལ། གདམས་ངག་ཞུས་ཤིག་གསུངས་པ་ལྟར་བྱོན་ནས་གསེར་སྲང་ གསུམ་ཕུལ་ཏེ་དབང་ཞུས་ནས་ཟླ་བ་བདུན་བསྒོམས་པས་དགུང་ལོ་ཞེ་བཞི་བསྲངས་ནས་བརྒྱད་ཅུ་གྱ་བཞི་བཞུགས་པར་གྲགས་ཤིང། སླད་ཏི་ཕུས་ཀྱང་ཚར་གཅིག་གནང་སྟེ་བོད་དུ་བྱོན་ནས་རྗེ་མི་ལ་དང་མཇལ་བའི་ཚེ། མི་ལའི་ཞལ་ནས་སྔར་བོད་དུ་མ་ གྲགས་པའི་ཟབ་ཆོས་ཁྱད་པར་ཅན་ཞིག་ང་ལ་སྐྱེས་སུ་ཕུལ་ཅིག་གསུངས་པས་བཀའ་མ་ཆོགས་པར་ཆོས་འདི་རྗེ་མི་ལ་ལ་ཕུལ། དེས་སློབ་མའི་གཙོ་བོ་ཉི་མ་ལྟར་གྲགས་པ་དྭགས་པོ་ཟླ་འོད་གཞོན་ནུ་ལ་གནང། དེས་སློབ་མའི་གཙོ་བོ་ཁམས་པ་མི་ གསུམ་གྱི་ནང་ཚན་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ལ་གནང། དེས་སྐུ་ཚེའི་བར་གྱི་སློབ་མའི་གཙོ་བོ་འབྲི་ཁུང་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་ལ་གནང། དེས་སྤྱན་སྔ་གྲགས་པ་འབྱུང་གནས་ལ་གནང། དེས་རྒྱལ་བ་ཡང་དགོན་ཆོས་རྗེ་ [008A]༄༅། །ཐུགས་ཀྱི་རྡོ་རྗེ་ལ་གནང། དེས་ཐུགས་སྲས་སྤྱན་སྔ་རིན་ཆེན་ལྡན་ལ་གནང། དེས་ཟུར་ཕུག་པ་རིན་ཆེན་དཔལ་བཟང་ལ་གནང། དེས་འབའ་ར་བ་རྒྱལ་མཚན་དཔལ་བཟང་ལ་གནང། དེ་ལྟར་རྗེ་འབའ་ར་པའི་བར་ ཆིག་བརྒྱུད་ཁོ་ནར་བཞུགས་པ་ལ། སྐྱེས་མཆོག་དེས་མཁའ་འགྲོའི་ལུང་བསྟན་བཞིན་བཀའ་རྒྱ་བཀྲོལ་བས་ཆོས་འདིས་གྲུབ་པའི་མཐའ་ཐམས་ཅད་ལ་ཁྱབ་ཅིང་ལྷག་པར་ཀུན་མཁྱེན་ཆེན་པོ་ཤེས་རབ་དཔལ་བཟང་ལ་གནང། དེས་སེམས་ དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ལ་གནང། དེས་འཁྲུལ་ཞིག་རིན་ཆེན་བཤེས་གཉེན་ལ་གནང། དེས་རབ་འབྱམས་པ་སངས་རྒྱས་རྒྱ་མཚོ་ལ་གནང། དེས་རྗེ་བཙུན་སྐྱབས་མཆོག་དཔལ་བཟང་ལ་གནང། དེས་རྒྱལ་བ་བློ་བཟང་དོན་ གྲུབ་ལ་གནང། དེས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གནང། དེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གནང། དེས་ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོ་ལ་གནང། དེས་རྗེ་བཙུན་བློ་བཟང་ཡེ་ཤེས་ལ་གནང། དེས་རྒྱལ་མཆོག་ བསྐལ་བཟང་རྒྱ་མཚོ་ལ་གནང། དེས་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ལ་གནང། དེས་བདག་ཅག་གི་འདྲེན་མཆོག་རྗེ་བཙུན་དམ་པ་བློ་བཟང་བསྐལ་བཟང་ཆོས་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས་ལ་གནང། རྗེ་དེའི་ཞབས་དྲུང་ནས་ བདག་གིས་ཆོས་འདིའི་དབང་ལུང་མན་དག་ཕྱག་ལེན་མཐའ་དག་གི་བཀའ་དྲིན་ལེགས་པར་ཐོབ་པས་ན། བརྒྱུད་པ་ཟམ་མ་ཆད་པས་བྱིན་རླབས་ཀྱི་ངང་མ་ཡལ་ཞིང། ཚུལ་འཆལ་དང་དམ་ཉམས་དང་འདྲེས་ཁྱེར་གྱི་ལྷད་མ་ཞུགས་པས་མི་བར་ [008B] ཡེ་ཤེས་སྐྱེ་བའི་སྣ་འདྲེན་རྗེས་གནང་གི་ཕྱག་ལེན་རྒྱས་པ་ལ་ཚེའི་དབང་ཞེས་གྲགས་པའི་ཟབ་ཆོས་འདི་ཉིད་འཆད་པ་སྐབས་སུ་བབ་པ་ཡིན་ལ། དེ་ལ་འཆད་པ་པོའི་སློབ་དཔོན་ཡང། ལ་ མཐུན་མོང་པས་རྒྱུད་སྦྱངས་པ། རྒྱུད་སྡེ་བཞི་གང་རུང་གི་དབང་ཐོབ་པ། དམ་སྡོམ་ཚུལ་བཞིན་དུ་སྲུང་བ། གྲངས་བསྙེན་ཚད་དུ་བསྐྱལ་བ། བསྐུར་བྱའི་ཚེ་དབང་གི་རྒྱན་ཐོབ་ཅིང་ཚེ་དབང་བསྐུར་བའི་ཆོ་ག་ལ་མཁས་པ་ཞིག་དགོས་པ་ལ། བདག་ལྟ་བུའི་འཆེད་ བ་ཀུན་ལྡན་གྱི་བླུན་པོ་ལ་ཡོན་ཏན་ང་འདྲའི་ཆ་ཤས་ཙམ་ཡང་མ་མཆིས་རུང། ས་སྐྱ་ལེགས་བཤད་ལས། ཡོན་ཏན་ཀུན་ལྡན་དཀོན་པ་ལྟར། །ཡོན་ཏན་ཅི་ཡང་མེད་པའང་དཀོན། །སྐྱོན་དང་ཡོན་ཏན་འདྲེས་པ་ལས། །ཡོན་ཏན་གཙོ་ཆེ་མཁས་པས་སྟེན་ ཞེས་གསུངས་པ་ལྟར། ཆོས་རྒྱུན་ཐོབ་ཅིང་ཆོ་ག་ངག་ནས་ཐོན་པ་རྒྱུ་མཚན་དུ་བྱས་ནས་འཆད་པ་ཡིན། འཆད་ཡུལ་གྱི་སློབ་མ་ཡང། གཟུ་བོར་གནས་ཤིང་བློ་གྲོས་དང་ལྡན་པ། བླ་མ་དཀོན་མཆོག་དང་ཆོས་ལ་དད་འདུན་ཆེ་བ། དཀྱིལ་འཁོར་གང་རུང་དུ་ ཞུགས་ཤིང་དབང་བསྐུར་ཐོབ་པ་ཞིག་དགོས་པ་ལ། སྤྱིར་སྣོད་རུང་གི་གཙོ་བོ་དད་པ་ཆེ་ཞིང། བྱེ་བྲག་ཏུ་གསང་སྔགས་ཟབ་མོའི་སྣོད་རུང་དབང་བསྐུར་ཐོབ་གཤིས་དོན་གྱིས་ཚང་བར་མངོན། དེས་ན་ཚེ་དབང་དངོས་གཞི་འབུལ་བ་ལ་ཐོག་མར་བླ་མ་ལྔ་ བཅུ་པ་ལས། མདུན་དུ་དུལ་བར་འདུག་པ་དང། །གོས་སོགས་ཚུལ་ནི་བསྡམས་པ་དང། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། ཅེས་གསུངས་པ་ལྟར། ཞི་ཞིང་དུལ་བའི་སྤྱོད་ལམ་གྱིས། མེ་ཏོག་དང་བཅས་ [009A]༄༅། །སྙིང་གར་ཐལ་མོ་སྦྱར་ཏེ། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ་ཞེས་གསུངས་པ་ལྟར། བླ་མ་ཚེ་དཔག་མེད་དུ་གསལ་བ་ལ་དད་མོས་དང་ལྡན་པས་ཚེའི་དབང་བསྐུར་གྱི་རིམ་པ་རྣམས་སྩལ་ཏུ་གསོལ་ སྙམ་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། ད་མཎྜལ་བསྟན་པ་ཞེས་བྱ་ བ། གནས་ཁང་འདི་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ས་གཞི་ཐམས་ཅད་རིན་པོ་ཆེ་ལག་མཐིལ་ལྟར་སྙོམས་པ། རིན་པོ་ཆེའི་རི་དང། དཔག་བསམ་གྱི་ཤིང་དང། ཁྲུས་ཀྱི་རྫིང་བུ་དང། མེ་ཏོག་སྣ་ཚོགས་དང། ཆུ་བྱ་སྣ་ཚོགས་དང། རིན་ པོ་ཆེའི་ཁང་བཟང་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཏུ་བསྒོམས་པའི་དབུས་སུ་ཚེ་བུམ་འདི་ཡང་རིན་པོ་ཆེའི་བུམ་པ་དམར་པོ་ཕྱི་བུམ་པའི་རྣམ་པ་ལ་ནང་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ལྷའི་གཞལ་ཡས་ཁང་་ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་སྟེང་གི་ནམ་མཁར་ཆོས་སྐུ་སྣང་བ་མཐའ་ཡས་ནས། བདག་ཅག་གི་འདྲེན་མཆོག་རྗེ་བཙུན་དམ་པ་བློ་བཟང་བསྐལ་བཟང་ཆོས་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བར་གྱི་རྩ་བརྒྱུད་ཀྱི་བླ་མ་རྣམས་ དང། མཐའ་སྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བསྐོར་ནས་གཞལ་ཡས་ཁང་གི་ཁྱོན་ཐམས་ཅད་མེར་གྱིས་གང་བའི་ཚུལ་དུ་བཞུགས་ཡོད་སྙམ་པ་དང། བླ་མ་ཡང་གོང་ལྟར་ཚེ་དཔག་མེད་ [009B] དེ་དག་གི་སྤྱན་སྔར་སྐྱབས་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། སྲོག་གཅོད་སོགས་སྔར་བསགས་ཀྱི་སྡིག་ལྟུང་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པ་དང། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་གི་དགའ་བས་ སྒོམ་པ་གསུམ་སྔོན་དུ་བཏང་སྟེ། བདག་བསམ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ཚུལ་ཁྲིམས་གསུམ་གྱིས་བསྡུས་པའི་རྒྱལ་ སྲས་ཀྱི་སྤྱོད་པ་མཐའ་དག་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཚུལ་བཞིན་དུ་བསྲུང་པར་བྱའོ་སྙམ་དུ་སྨོན་འཇུག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་་ཡིད་ཀྱིས་བཟུང། ལན་གསུམ། ད་དབང་གི་གཞི་ དགོང་པ་ཞེས་བྱ་བ། བསངས་སྦྱངས་སྔོན་དུ་འགྲོ་བས་ཁྱེད་རང་རྣམས་ཀྱི་ལུས་གཞི་ལྷར་བསྐྱེད་པ་ཡིན་པས་དེང་གྱི་ཆོ་གའི་ཚིག་རིས་དང་བསྟན་ནས་སྤྱན་དམིགས་བརྟན་པོ་མཛད་པར་ཞུ། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་ པའི་ངང་ལས་སློབ་མ་རྣམས་ཀྱི་གོ་སར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྒོམ་རྣམས་ཀྱི་སེམས་ཉིད་ཡི་གེ་ཧྲིཿ་དམར་པོ་་འོད་ཟེར་ལྔ་འཕྲོ་བར་གྱུར། ཅེས་བརྗོད་དོ། །གཉྀས་པ་དངོས་ གཞི་ལ་བཞི། ཚེ་བུམ་ལ་བརྟེན་པས་དབང་བསྐུར་བ། ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ། ཤིས་བརྗོད་ལ་བརྟེན་ནས་ཚེ་སྤེལ་བའོ། །དང་པོ་ལ་གསུམ། ཡར་བ་འགུགས་པ། ཉམས་པ་གསོ་བ། ཚེ་བསྟིམ་པའོ་ [010A]༄༅། །དང་པོ་ནི། བླ་མ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ཧྲཱི་ལས་འོད་ཟེར་འཕྲོས་པ་བུམ་ནང་གི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱི་ལ་འཕོག་དེ་ལས་འོད་ཟེར་འཕྲོས་པའི་སྣེ་མོར་ལྷ་མོ་དམར་སེར་ཕྱག་གཡས་ན་ ལྕགས་ཀྱུ་དང་གཡོན་ན་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་ཚེ་འཆི་བདག་གི་གཤིན་རྗེ་དང། བན་བོན་མཐུ་བོ་ཆེ་དང། རྒྱལ་གདོན་སོགས་འབྱུང་པོ་མི་མ་ཡིན་གྱིས་ཕྲོགས་པ་དང་བརྐུས་པ་དང། ཡར་ བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་སྟེ་ལྷ་མོ་རྣམས་ཀྱི་ཕྱག་གི་བུམ་པ་ལ་ཐིམ། འོད་དང་བདུད་རྩི་དམར་སེར་དུ་ཞུ་བའི་རྒྱུན་གྱིས་ཁྱེད་རང་རྣམས་ཚེ་དཔག་ མེད་དུ་གསལ་བའི་སྤྱི་བོ་ནས་ཆུ་རུབ་ཀྱི་ཚུལ་དུ་དབང་བསྐུར་བས། ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་དག་པར་བཀྲུས། ཚེ་ཐུང་འགྱུར་གྱི་ནད་གདོན་སྡེག་སྒྲིབ་ཐམས་ཅད་སྨྲ་ཤད་དང་ཤོག་རོ། སྡོམ་དང་སྡིག་ར། སོ་ལ་ཁུ་དང་དུད་ཁུའི་རྣམ་པར་དབང་ པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་ཏེ་གར་སོང་ཆ་མེད་དུ་དག། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པ་དེ་འཆི་མེད་ཚེའི་བདུད་རྩི་དམར་སེར་འོད་ཟེར་དང་བཅས་པས་མེར་གྱིས་གང། ཚེ་ཉམས་པ་གསོས། ཡར་བ་ཁུགས་ ཆང་པ་འཐུད། ཡོ་བ་བསྲངས་ཏེ་རྫས་ཀྱི་རྡོ་རྗེ་ཕ་ལམ་ལྟར་ཕར་བ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང། ཚུར་ལ་གང་གིས་ཀྱང་གཞོམ་ཞིག་མ་ནུས་པའི་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་མཛོད་ཅིག་ཅེས་བརྗོད་ལ་ [010B] ཨོཾ་ཨ་མར་ཎི་ཛཱི་ཝནྟཱི་ཡེ་སཱཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཚེ་དབང་དུ་གྱུར་ཅིག་ཚེ་དངོས་གྲུབ་ཏུ་གྱུར་ཅིག་ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག་ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག་ འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག། ཅེས་བརྗོད་ལ་མེ་ཏོག་གཏོར་རོ། །གཉིས་པ་ཉམས་པ་གསོ་བ་ལ་གསུམ། ཚེ་ཉམས་པ་གསོ་བ། བསོད་ནམས་ཉམས་པ་གསོ་བ། དམ་སྡོམ་ཉམས་པ་གསོ་བའོ། །དང་པོ་ལ་ལྔ་ལས། ནམ་མཁའི་ ཁམས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ་ནི། སླར་ཡང་བླ་མ་ཚེ་དཔག་་ལྷ་མོ་སྔོན་མོ་་སྤྲོས་པ་རྣམས་ཀྱིས་རྒྱན་ནམ་མཁའ་དང། བུ་ག་ནམ་མཁའ་ལ་སོགས་པ་འབྱུང་བ་ནམ་མཁའི་ཚེ་བཅུད་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་ལེན་པ་ལྟར་འོད་དང་ བདུད་རྩི་སྔོན་པོ་མཐིང་ཞུན་མའི་མདོག་ཅན་གྱི་རྣམ་པར་བཀུག་སྟེ་ལྷ་མོ་རྣམས་ཀྱི་ཕྱག་གི་བུམ་པ་ལ་ཐིམ། དེས་ཁྱེད་རང་རྣམས་་དག་པར་བཀྲུས། ནམ་མཁའི་ཁམས་ལ་བརྟེན་ནས་ཚེ་གནས་པ་ལ་གེགས་བྱེད་ཀྱི་ནད་གདོན་་ཚེའི་བདུད་རྩི་སྔོན་པོ་ འོད་ཟེར་དང་བཅས་པས་མེར་གྱིས་གང། རྣམ་ཤེས་དྲུག་དང་བུ་ག་དགུ་སོགས་ནང་གི་ནམ་མཁའི་ཁམས་ཀྱི་སྒོ་ནས་ཚེ་ཉམས་པ་རྣམས་སོར་ཆུད་དེ་བདུད་རྩི་ལུས་ཀྱི་ཟུངས་དང་སྲོག་གི་རྟེན་དུ་གྱུང་པའི་སྒྲོ་ནས་འཆི་མེད་་ཐོབ་པར་གྱུར་ཅིག་གཉིས་པ་རླུང་ གི་ཁམས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ་ནི། སླར་ཡང་་ལྷ་མོ་ལྗང་ཁུ་་སྤྲོས་པ་རྣམས་ཀྱིས་ཤར་ཕྱོགས་ཀྱི་རླུང་དང། ལྷོ་་ནུབ་་བྱང་་ཤར་ལྷོའི་་ལྷོ་ནུབ་ཀྱི་་ནུབ་བྱང་གི་་བྱང་ཤར་གྱི་་སྟང་གི་་འོག་གཞི་རླུང་གི་དཀྱིལ་འཁོར་ལ་སོགས་ [011A]༄༅། །པ་འབྱུང་བ་རླུང་ཁམས་ཀྱི་ཚེ་བཅུད་་བདུད་རྩི་ལྗང་ཁུ་མརྒད་ཞུན་མའི་་དག་པར་བཀྲུས། རླུང་གི་ཁམས་ལ་བརྟེན་ནས་་ཚེའི་བདུད་རྩི་ལྗང་ཁུ་འོད་ཟེར་དང་བཅས་པས་མེར་གྱིས་གང། རྩ་བའི་རླུང་ལྔ་དང་ཡན་ལག་གི་ རླུང་ལྔ་སྟེ་ནང་གི་རླུང་ཁམས་ཀྱི་སྒོ་ནས་་ཆུད་དེ། ལུས་སྲེད་མེད་ཀྱི་བུ་དང། གླང་པོ་ཆེ་རབ་བརྟན་ལྟ་བུར་སྟོབས་དང་ཡང་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་་ཐོབ་པར་གྱུར་ཅིག་གསུམ་པ་མེའི་ཁམས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ་ནི། སླར་ ཡང་་ལྷ་མོ་དམར་མོ་་སྤྲོས་པ་རྣམས་ཀྱིས་ནགས་ཚལ་གྱི་མེ་དང་རྡོ་སོལ་གྱི་མེ་དང། མེ་ཤེལ་གྱི་མེ་དང། སྦྱོར་བསྒྲུབས་ཀྱི་མེ་དང། རྒྱུན་བཞག་གི་མེ་དང། རྟ་གདོང་གི་མེ་དང། ཏིང་ངེ་འཛིན་གྱི་མེ་དང་འོག་གཞི་མེའི་དཀྱིལ་འཁོར་ལ་སོགས་པ་འབྱུང་ བ་མེ་ཁམས་ཀྱི་ཚེ་བཅུད་་བདུད་རྩི་དམར་པོ་མཚལ་ཞུན་མའི་་དག་པར་བཀྲུས། མེའི་ཁམས་ལ་བརྟེན་ནས་་ཚེའི་བདུད་རྩི་དམར་པོ་འོད་སྟོང་དང་བཅས་པས་མེར་གྱིས་གང། ལུས་ཀྱི་བདེ་དྲོང་ནང་གི་མེ་ཁམས་ཀྱི་སྒོ་ནས་་ཆུད་དེ། ལུས་མེ་ཤེལ་དང། ཉི་ མའི་སྙིང་པོ་ལྟ་བུར་བཀྲག་མདངས་དང། གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་་ཐོབ་པར་གྱུར་ཅིག། བཞི་པ་ཆུ་ཁམས་ཀྱི་ལྷོ་ནས་ཚེ་ཉམས་པ་གསོ་བ་ནི། སླར་ཡང་་ལྷ་མོ་དཀར་མོ་་སྤྲོས་པ་རྣམས་ཀྱིས། མཚོ་དང་རྫིང་བུ་དང། ཆུ་ མིག་དང་ཁྲོན་པ་དང། ལུ་མ་དང་འབབ་ཆུ་དང་ལྟེང་ག་དང། སིད་ཏ་དང་སིནྡྷུ་དང། པཀྵུ་དང། གངྷཱ་དང། ཆུ་གཏེར་མ་དྲོས་པ་དང། ནང་གོར་ལ་མཚོ་བདུན་དང། ཕྱིའི་རྒྱ་རྒྱ་མཚོ་ཆེན་པོ་དང། འོག་གཞི་ཚུའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་ཆུ་ཁམས་ [011B] ཆུའི་ཁམས་ལ་བརྟེན་ནས་་ཚེའི་བདུད་རྩི་དཀར་པོ་འོད་ཟེར་དང་བཅས་པས་མེར་གྱིས་གང། ལུས་ཀྱི་ཁྲག་དང་ཆུ་སེར་ལ་སོགས་པ་ནང་གི་ཆུ་ཁམས་ཀྱི་སྒོ་ནས་་ཆུད་དེ། ལུས་པདྨའི་རྩ་བ་ལྟར་ དཀར་ཞིང་སྣུམ་བག་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་་ཐོབ་པར་གྱུར་ཅིག་ལྔ་པ་ས་ཁམས་ཀྱི་སྒོ་ནས་ཚེ་ཉམས་པ་གསོ་བ་ནི། སླར་ཡང་་ལྷ་མོ་སེར་མོ་་སྤྲོས་པ་རྣམས་ཀྱིས། རིའི་རྒྱལ་པོ་རི་རབ་དང། གསེར་གྱི་རི་བདུན་དང། ལྕགས་རི་ནག་པོ་ལ་ སོགས་བའི་རིན་པོ་ཆེའི་རི། མ་ལ་ཡ་ལ་སོགས་པའི་ནགས་རི། སྤོས་ངད་ལྡན་ལ་སོགས་པའི་སྤང་རི། གསེར་གྱི་བྱ་སྐྱིབས་ཅན་ལ་སོགས་པའི་བྲག་རི། གངས་ཅན་ལ་སོགས་པའི་གངས་རི། གཞན་ཡང་ས་དང་རྡོ་དང་རྩྭ་དང་ཤིང་དང་འབྲུ་དང་སྨན་དང་འོག་ གཞི་དབང་ཆེན་གསེར་གྱིས་གཞི་ལ་སོགས་པ་འབྱུང་བས་ཁམས་ཀྱི་ཚེ་བཅུད་་བདུད་རྩི་སེར་པོ་གསེར་ཞུན་མའི་་དག་པར་བཀྲུས། སའི་ཁམས་ལ་བརྟེན་ནས་་བདུད་རྩི་སེར་པོ་འོད་ཟེར་དང་བཅས་པས་མེར་གྱིས་གང། ལུས་ཀྱི་ཤ་དང་རུས་པ་ལ་སོགས་ པ་ནང་གིས་ཁམས་ཀྱི་སྒོ་ནས་་ཆུད་དེ། ལུས་རིའི་རྒྱལ་པོ་རི་རབ་ལྟར་ས་ཞིང་བརྟན་བརླིང་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་་ཐོབ་པར་གྱུར་ཅིག་གཉིས་པ་བསོད་ནས་ཉམས་པ་གསོ་བ་ནི། སླར་ཡང་་ལྷ་མོ་ཁ་དོག་སྣ་ཚོགས་པ་་སྤྲོས་པ་ རྣམས་ཀྱིས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་སྟེང་གི་ལྷ་ཚེ་རིང་པོ་རྣམས་དང། དགའ་པོ་དང་འཇོག་པོ་ལ་སོགས་པ་འོག་གི་ཀླུ་ཚེ་རིང་པོ་རྣམས་དང། སྟོང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང། གྲུབ་པ་ཐོབ་པ་དང། རིག་པ་འཛིན་པ་དང། མཁས་པ་ [012A]༄༅། །ཀཎྜ་ཏ་ལ་སོགས་པ་བར་གྱི་མི་ཚེ་རིང་པོ་རྣམས་ཀྱི་ཚེ་དང་བསོད་རྣམས། །དཔུང་དང་བུ་རྟ། ཁས་དྲག་དབང་ཆེ། དཔལ་འབྱོར་ལོངས་སྤྱོད། བཀྲག་མདངས་གཟི་བརྗིད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར། བཀྲ་ ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་དང་ཉེ་གའི་རིན་ཆེན་སྣ་བདུན་གྱི་རྣམ་པར་བཀུག་སྟེ། ལྷ་མོ་རྣམས་ཀྱི་ཕྱག་གི་བུམ་པ་ལ་ཐིམ། འོད་དང་བདུད་རྩི་སྣ་ལྔར་ཞུ་བའི་རྒྱུན་གྱིས་ཁྱེད་རང་རྣམས་་དག་པར་བཀྲུས། སྟོབས་འབྱོར་བསོད་ ནམས་ཆེན་པོའི་སྒོ་ནས་ཚེ་གནས་པ་ལ་གེགས་བྱེད་ཀྱི་ནད་གདོན་་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པས་སེར་གྱིས་གང། སྟོབས་འབྱོར་ཚེ་བསོད་ཉམས་པ་རྣམས་སོར་ཆུད་ད། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང། སྟོང་གསུམ་མི་མཛེད་ཀྱི་བདག་པོ་ ཚངས་པ་སོགས་དང་སྐལ་པ་མཉམ་པའི་སྒོ་ནས་་ཐོབ་པར་གྱུར་ཅིག་གསུམ་པ་དམ་སྡོམ་ཉམས་པ་གསོ་བ་ནི། སླར་ཡང་་ལྷ་མོ་དཀར་དམར་མཐིང་གསུམ་་སྤྲོས་པ་རྣམས་ཀྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་ཚེ་ཁྲིད་བརྒྱུད་པའི་ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཚེས་སྐྱོང་སྲུང་མ་ལྷ་མིའི་གྲུབ་པ་དང་རིག་པ་འཛིན་པ་རྣམས་ཀྱི་སྐུའི་བྱིན་རླབས་ཐམས་ཅད་ཚེ་དཔག་མེད་ཀྱི་སྐུ་དང། གསུང་གི་བྱིན་རླབས་རྣམས་པོ་ཏི་དང་ཡིག་འབྲུ་དང་དབྱངས་གསལ་ གྱི་རྣམ་པ་དང། ཐུགས་ཀྱི་བྱིན་རླབས་རྣམས་རྡོར་དྲིལ་དང། ཚེའི་བུམ་པ་དང། པདྨ་དམར་པོ་ལ་སོགས་པ་ཕྱག་མཚན་སྣ་ཚོགས་གྱི་རྣམ་པར་བཀུག་སྟེ། འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་དུ་ཞུ་བའི་རྒྱུན་གྱིས་ཁྱེད་རང་རྣམས་་དག་པར་ [012B] ལུས་ངག་ཡིད་གསུམ་གྱིས་བསགས་པའི་ཚེ་ཐུང་འགྱུར་གྱི་ནད་གདོན་་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་མེར་གྱིས་གང། དམ་ཚིག་དང་སྡོམ་པ་ཉམས་པ་རྣམས་སོར་ཆུད་དེ། བླ་མ་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཞུགས་པའི་སྒོ་ ནས་་ཐོབ་པར་གྱུར་ཅིག་གསུམ་པ་ཚེ་བསྟིམ་པ་ནི། སླར་ཡང་་དེ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ རྣམས་ཀྱིས་བསྐོར་བ་སྤྱན་དྲངས། བུམ་ནང་གི་ཚེ་དཔག་མེད་ལ་ཐིམ། དེ་ལས་རང་འདྲ་གཉིས་པ་རེ་ཆད་ནས་ཁྱོད་རང་རྣམས་ཚེ་དཔག་མེད་དུ་གསལ་བའི་སྦྱི་བོར་བཞུགས་པ་ལ། ངེད་ཀྱིས་གསོལ་བ་བཏབ་བས་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་ པའི་རྒྱུན་བབས། ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་དག་པར་བཀྲུས། ཚེ་ཐུང་འགྱུར་གྱི་་ལུས་དྭང་ས་གསལ་འོད་གྱི་རང་བཞིན་ཅན་དུ་གྱུར་པ་དེ་ལ་སྤྱི་བོའི་ཚེ་དཔག་མེད་ཐིམ་པས། ཁྱོད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་ ཀྱི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་སྒོ་ནས་་མཛོད་ཅིག་ཅེས་བརྡ་སྤྲད་ལ། ཚེ་བུམ་མགོ་ཐོག་ཏུ་བཞག་སྟེ། ཕྱོགས་བཅུ་དུས་གསུམ་གྱི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཆོས་ སྐུ་སྣང་བ་མཐའ་ཡས་ཀྱིས་་ནས་གཅིག་གྲུབ་པའི་རྒྱལ་མོས་་ཅེས་པ་ནས། བདག་གི་འདྲེན་མཆོག་དམ་པ་་ཞལ་སྔ་ནས་ཀྱིས་་ཡི་དམ་་སངས་རྒྱས་་དཔའ་པོ་་ཆོས་སྐྱོར་་ཁྱད་པར་དུ་ཡང་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ལྷ་ཚེགས་ [013A]༄༅། །འཁོར་དང་བཅས་པ་རྣམས་ཀྱིས་་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་སློབ་མ་འདི་ཉིད་ཀྱི་རླུང་མཁྲིས་ བད་ཀན་འདུས་པ་ལ་སོགས་པའི་ལུས་ཀྱི་ན་ཚ། མྱ་ངན་སྨྱོ་འབོག་སྔངས་སྐྲག་ལ་སོགས་པའི་སེམས་ཀྱི་སྡུག་བསྔལ། དགྲ་ཇག་ཆོམ་རྐུན་གཅན་གཟན་ལ་སོགས་པའི་གཟུགས་ཅན་མི་དང། དུད་འགྲོའི་གནོད་པ། སྟེང་གདོན་གཟའ་དང་རྒྱུ་སྐར་ འོག་གདོན་ཀླུ་དང་ས་བདག་བར་གདོན་བཙན་དང་རྒྱལ་འགོང་ལ་སོགས་པའི་གཟུགས་མེད་ལྷ་འདྲེའི་གནོད་པ། ས་ཆུ་མེ་རླུང་འཁྲུགས་པ་ལ་སོགས་པའི་སེམས་མེད་འབྱུང་བའི་གནོད་པ། ལོ་ཟླ་ཞག་སྐག་རྨི་ལྟས་མཚན་ངན་དུས་མིན་འཆི་ བ་སོགས་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བར་མཛོད། བསྐྱབ་པར་མཛོད། སྤ་བར་མཛོད། ཚེ་དང་བསོད་ནམས། དཔུང་དང་བུ་རྟ། ཁས་དྲག་དབང་ཆེ། དཔལ་འབྱོར་ལོངས་སྤྱོད། བཀྲག་མདངས་གཟི་བརྗིད་ ལུང་རྟོགས་ཀྱི་ཡོན་ཏན་སོགས་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡར་དོའི་ཟླ་བ་ལྷར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་གཟུངས་རིང་ཐུང་བཟླས་ལ། ཞེས་གསོལ་བ་བཏབ་པས། རྒྱལ་བ་ཚེ་དཔག་མེད་ ལས་རང་འདྲ་གཉིས་པ་ཞིག་ཆད་ནས་སློབ་མ་ཚེ་དཔག་མེད་དུ་གསལ་བ་ལ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་སྒོ་ནས་བྱིན་གྱིས་བརླབས་པར་གྱུར། ཛཿ་ཧཱུཾ་བཾ་ཧོ་ [013B] རིགས་ལྔའི་ངོ་བོ་ཤ་ལྔ་དང་ཡུམ་ལྔའི་ངོ་བོ་བདུད་རྩི་ལྔ་རྡོ་རྗེ་གསུམ་གྱིས་སྤྱངས་རྟོགས་སྤར་གསུམ་བྱས་པ་ལ་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྟིམ་པའི་མཆི་མེད་ཀྱི་བདུད་རྩི་འདི་ མྱངས་པ་ལ་བརྟེན་ནས་རྩ་རླུང་ཐིག་ལེ་རྣམས་ལས་རུང་དུ་བྱས་ནས་རྫོགས་རིམ་གྱི་རྟོགས་པ་བསྐྱེད་པའི་སྒོ་ནས་ཚེ་བསྲིང་བའི་དམ་རྫས་ཁྱད་པར་ཅན་ཡིན་པས་འདི་བཞེས་པར་མཛོད། འཆི་མེད་རིགས་ལྔ་ཞུ་བའི་རྫས། །འཁོར་འདས་ཡོན་ཏན་དྭངས་ མའི་བཅུད། །གསོལ་བས་ལས་རླུང་འཆི་བདག་དགྲས། །མི་གཡོ་བདེ་སྟོང་རྫོགས་པར་ཤོག་ཨོཾ་ཨམ་་སཱཧཱ། གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། ནང་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་སྨན་སྣ་བཞི་བརྒྱ་རྩ་བཞི་བསྡུས་པ་ལ། འཁོར་ འདས་ཀྱི་ཚེ་བཅུད་ཐམས་ཅད་བསྟིམ་པའི་བཅུད་ལེན་ཀྱི་རིལ་བུ་འདི་མྱངས་པ་ལ་བརྟེན་ནས་རགས་ལུས་ཀྱི་འབྱུང་བཞི་ཆ་སྙོམས་སུ་བྱས་ནས་བསྐྱེད་རིམ་གྱི་རྟོགས་པ་བསྐྱེད་པའི་སྒོ་ནས་ཚེ་བསྲིང་བའི་དམ་རྫས་ཁྱད་པར་ཅན་ཡིན་པས་འདི་བཞེས་པར་ མཛོད། བཞི་བརྒྱ་རྩ་བཞིའི་ནད་འཇོམས་སྨན། །སྙིང་པོ་ཀུན་འདུས་དཔལ་གྱི་ཟས། །གསོལ་བས་བར་ཆད་ནང་གདོན་ལས། །རྒྱལ་ཏེ་འཇིག་མེད་སྐུ་བརྙེས་ཤོག་ཨོཾ་ཨ་མ་་སཱཧཱ། བཞི་པ་ཤིས་བརྗོད་ལ་བརྟེན་ནས་ཚེ་སྤེལ་བ་ནི། སླར་ཡང་་ དེ་ལས་འོད་ཟེར་འཕྲོས་པས། ཚེ་ཁྲིད་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་ནས་མེ་ཏོག་གི་ཆར་འབེབས་ཤིང་གར་རོལ་དང་བཅས་ཏེ་ཤིས་ [014A]༄༅། ། །བརྗོད་ཀྱི་གླུ་དབྱངས་བསྒྲགས་པས་ཁྱེད་རང་རྣམས་ཀྱི་ཚེ་སྔར་ཡོང་གོང་འཕེལ་དུ་གྱུར་པའི་མོས་པ་མཛོད། སྦྱིན་པའི་སྟོབས་ཀྱིས་ཞེས་སོགས་སམ། རབ་ཡངས་མདུན་གྱི་ནམ་མཁའ་ལ། །རྩ་ བའི་བླ་མ་ཚེ་དཔག་མེད། །བརྒྱུད་པའི་བླ་མ་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །མ་མོ་མཁའ་འགྲོ་གར་སྟབས་བསྒྱུར། །ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། །སྙན་པའི་དབྱངས་ཀྱི་འབྲུག་སྟོང་ལྡིར། ། བཀྲ་ཤིས་མེ་ཏོག་ཆར་དུ་འབེབས། །འདིར་འདུས་སྐལ་ལྡན་ཚོགས་རྣམས་ལ། །འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག་དཔལ་འབྱོར་སྙན་གྲགས་བཀྲ་ཤིས་ཤོག་བདེ་ཆེན་ཡེ་ཤེས་བཀྲ་ཤིས་ཤོག་བསམ་པ་འགྲུབ་པའི་ བཀྲ་ཤིས་ཤོག་མདངས་རྒྱས་ལུས་ཀྱི་བདེ་སྟོབས་འཕེལ་བ་དང། །ངག་སྙན་བརྗོད་པའི་རང་སྒྲ་བདེ་བ་དང། །དག་གསལ་སེམས་ཀྱི་འཆར་སྒོ་ཡངས་པ་རུ། །གདན་གསུམ་ཚང་བའི་ལྷ་ཡིས་བྱིན་གྱིས་རློབས། ། ཨོཾ་ན་མོ་་སཱཧཱ། གསུམ་པ་མཇུག་ནི། དེ་ལྟར་ཚེ་དབང་ཐོབ་པའི་སྐབས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་ གེས་བགྱི། །ཞེས་ཚར་གསུམ། འོ་དེས་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེའི་དབང་བསྐུར་གྱི་རིམ་པ་རྣམས་ལེགས་པར་ཕུལ་གྲུབ་པ་ཡིན་པས། དེའི་བཀའ་དྲིན་གཏང་རག་གི་ཡོན་དུ་རང་གི་ལུས་བྲན་དུ་ [014B] དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱེད་ཀྱི་སློབ་མར་གཟུང་བ་དང། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་པ་དང་མཎྜལ་འབུལ་དུ་གཞུག་ གོ་གསུམ་པ་མཐར་བསྡུ་ཆོག་བཤད་པ་ནི། མཆོད་ཁ་གསོས་པ་བྱིན་གྱིས་བརླབས་ལ་མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ་རྣམས་བྱས་ཏེ། བཛྲ་མུཿ་ཚེ་བུམ་གྱི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་ གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། ཅེས་བརྗོད་ལ། བསྔོ་སྨོན་ཤིས་བརྗོད་བཅས་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྨྲས་པ། གང་མཚན་བཅུ་གཉིས་བདག་པོའི་འོད་སྣང་ཆ། །སྒྲ་ འཛིན་ཁུང་བུར་ཞུགས་པ་ཙམ་གྱིས་ཀྱང། །མཚུན་ལྷའི་སྨག་རུམ་ཕ་མཐར་སྐྲོད་དོ་ཞེས། །རྣམ་འདྲེན་བཞི་པའི་ལྗགས་ཡངས་ཀློང་ལས་བསྒྲགས། །དེ་ཕྱིར་སྣོད་རུང་ཟབ་མོའི་རྒྱུན་ཐོབ་ཅིང། །སྔོན་དུ་བསྙེན་པས་ རང་གི་རྒྱུད་སྦྱངས་ནས། །མ་ནོར་ཆོ་གས་གཞན་ལ་ཕན་གདགས་པ། །དེ་འདྲའི་ཕན་ཡོན་སྨོས་ཀྱང་ཅི་ཞིག་འཚལ། །འོན་ཏེ་སྣོད་མིན་མང་པོའི་འཁོར་དབུས་སུ། །ནོར་འཁྲུགས་ཆོ་གའི་གཟུགས་བརྙན་ ལྷུར་ལེན་ཀྱང། །གྲགས་ཅན་སངས་རྒྱས་དངོས་སུ་རློམ་པ་རྣམས། །སྲེག་འཚང་མེ་ནུས་བི་ཤྭ་ན་རའི་སྤུན། །ཚུལ་འདིར་འབད་ལས་ཐོབ་པའི་དགེ་ཚོགས་མཐུས། །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཏེ་ [015A]༄༅། །མཐའ་ཡས་འགྲོ་ལ་གནས་སྐབས་མཐར་ཐུག་གི་ཕན་བདེ་ཚེ་འདི་ཉིད་ལ་སྟེར་གྱུར་ཅིག་ཅེས་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཏུ་གྲགས་པའི་ཚེ་དབང་ བསྐུར་ཚུལ་འཆི་མེད་སྲོག་གི་དཔལ་སྟེར་ཞེས་བྱ་བ་འདི་ནི། ཡུལ་གཅད་སྟོད་གཡས་རུའི་ཆར་སྐྱེས་པའི་ཤཱཀྱའི་དགེ་སློང་དྷརྨ་བྷ་དྲས་རབ་བྱུང་བཅུ་བཞི་པའི་ནང་ཚན་རྣམ་འབྱུང་གི་ལོའི་སྣོན་ཟླ་བའི་གྲལ་ཚེས་བཟང་པོར་བྲིས། །སརྦ་མངྒ་ལཾ་ སརྦ་ཛ་ག་ཏཾ།། །།༄༅། །ཞལ་གྲོ་ །། །།